སྣང་སྤྲུལ་རིན་པོ་ཆེ།

༢༢.jpg

སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན།

   དཔལ་གཤེན་བསྟན་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་ངམ་སྣང་ཞིག་དངུལ་སྐུ་དགོན་གྱི་བླ་རབས་སོར་བདུན་པའམ་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་ནི། གངས་ཅན་བོད་ཀྱི་སྨད་ཤར་ཟིང་ཆུ་ཡུལ་ལས་ཧ་སྨིན་ཞེས་ས་གནས་ཕུན་ཚོགས་དེར་ཡབ་གདུགས་དཀར་སྐྱབས་དང་། ཡུམ་བྱམས་གོ་གཉིས་ཀྱི་སྲས་སུ་༡༩༧༡ལོར་བཀྲ་ཤིས་ཀྱི་ལྟས་དང་བཅས་ཏེ་སྐུ་ཡི་མཚན་དཔེ་བཞད། དེ་ཡང་སྐུ་ན་ཆུང་དུས་ནས་དགེ་ལ་དད་ཅིང་བོན་ལ་མོས་པ། གཞན་ཕན་གྱི་བསམ་པ་སྙིང་རྗེ་དང་བྱམས་སེམས་ཆེ་བ། སྐྱེས་ཆེན་དམ་པའི་རང་གཤིས་ཐུགས་ལ་ལྷན་སྐྱེས་སུ་འབྱོངས་པས་དད་ལྡན་མང་ཚོགས་ནས་མཚར་སྣང་དང་ཡིད་སྨོན་བྱས། ༡༩༧༣ལོར་དགེ་སློང་ཤེས་རབ་དབང་རྒྱལ་ལ་སྣང་ཞིག་ལྕགས་མདུད་བླ་མ་བསྐལ་བཟང་རྒྱ་མཚོ་རིན་པོ་ཆེ་ནས་བྱིས་པ་འདི་སྣང་ཞིག་བླ་མ་གོང་མ་ཚུལ་ཁྲིམས་བསྟན་པ་རྒྱལ་མཚན་རིན་པོ་ཆེའི་རྣམ་རོལ་ཡིན་ལུགས་བསྙད་ཅིང་ངོས་འཛིན་གནང་ཀྱང་སྐབས་བསྟུན་དུས་འགྱུར་ཁྲོད་རེ་ཞིག་མང་ཚོགས་ལ་གསང་བར་གྱུར། དགུང་ལོ་བདུན་གྱི་སྟེང་ཡབ་ཀྱི་དྲུང་དུ་ཀློག་གི་དང་མ་ཀ་མད་ནས་དབུ་རྩོམ་སྟེ་རྒྱུ་ཡི་བོན་འདོན་ཆོག་སོགས་ལ་སློབ། རིམ་པའི་ཞོར་དུ་༼ཀྱང་ལྰ༽་སློབ་གྲྭར་བསྐྱོད་དེ་གཞི་རིམ་འཛིན་གྲྭ་མཐར་ཕྱིན་པར་མཛད། དགུང་ལོ་བཅོ་ལྔ་༡༩༨༥ལོར་མདོ་སྨད་ཟིང་ཆུ་བྱང་བྱ་དུར་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་མཐར་ཕྱིན་དང་ངེས་པ་དོན་གྱི་མཁས་དབང་སློབ་དཔོན་བསྐལ་བཟང་དར་རྒྱས་གཉིས་ཀྱི་སྐུ་མདུན་དུ་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་ནོས་ནས་རབ་ཏུ་བྱུང་། དེ་ནས་ཁོང་གི་གམ་དུ་སུམ་དག་རྟགས་གསུམ་དང་རྩིས་སྙན་ངག་ལ་སོགས་རིག་གནས་ཆུང་བའི་སྐོར་དང་། བཀའ་གཞུང་ཉན་བཤད་ཀྱི་སྡེ་མཚན་ཉིད་རིག་པ་བསྡུས་གྲྭ་དང་རྟགས་རིགས། བློ་རིག་དང་ཚད་མ། མཚོན་བྱེད་ཞེ་ལྔ་དང་ཐེག་འགྲེལ། གཞུང་ས་ལམ་དང་ཕར་ཕྱིན་དབུ་མ་བཅས་ལ་སྦྱངས་བརྩོན་གནང་གཞུག་ཕར་ཕྱིན་དམ་བཅའ་བཞག་སྟེ་ཕར་ཕྱིན་མཐར་སོན་གྱི་སྟོན་མོ་ཡང་མཛད། གཞན་སྐྱབས་རྗེ་སྨན་རི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་མདུན་ནས་མཁའ་ཀློང་གསང་མདོས་ཀྱི་དབང་ལུང་སོགས་ཞུས། ༡༩༨༨ལོ་ནས་སློབ་དཔོན་བསྐལ་བཟང་དར་རྒྱས་མཆོག་དང་། བོན་གྱི་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ། བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭའི་མཁན་པོ་ཤེས་རབ་ཚུལ་ཁྲིམས་སོགས་ཀྱི་སྐུ་མདུན་ནས་སྔ་ཕྱི་ཨ་སྙན་རྫོགས་གསུམ་སོགས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མང་དུ་ཞུས་པ་མ་ཟད་རྫོགས་ཆེན་གྱི་སྐོར་མང་དུ་གསན་ཏེ་སྦྱོང་བ་ཡང་ཚུལ་བཞིན་མཛད། ༡༩༩༢ལོར་༧དཔལ་གཤེན་བསྟན་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་གི་འདུས་པ་རྒྱ་མཚོ་གཙོས་ཟིང་ཆུ་དགོན་ལག་བཅུ་གསུམ་པོའི་བསྟན་བདག་དབུ་བླ་རྣམ་པ་དང་། དེ་བཞིན་རྔ་བ་དང་མཛོད་དགེ། གཟི་རྩ་ཕྱོགས་སོགས་ནས་བླ་མ་དང་སྤྲུལ་སྐུ། དེ་བཞིན་སྲིད་གཞུང་གི་དབུ་ཁྲིད་མི་སྣ་བཅས་སྐྱ་སེར་སྟོང་ཕྲག་རེ་ཟུང་ནས་དད་མདུན་མོས་གསུམ་གྱིས་གཅན་ལྔ་རིན་ཆེན་ཁྲི་རུ་བཏེགས། དེ་ནས་བཟུང་ཕྱི་དགོན་པའི་བཞེངས་གསོ་དང་། ནང་སྒྲིག་ལམ་གྱི་བྱ་བཞག་གང་ལའང་འགྱུར་བ་དངོས་སུ་ཐེབས་པས་ཀུན་གྱིས་བསྟོད་སྔགས་དང་མཛད་འཕྲིན་ཟླ་ལྟར་རྒྱས་མུར་ཡིན། ༡༩༩༥གྲྭ་ས་རབ་ལེགས་གཡུང་དྲུང་གླིང་དུ་ཕེབས་ཏེ་དགེ་སློང་ཤེས་རབ་བསྟན་འཛིན་དང་དཔོན་སློབ་ཀུན་བཟང་བློ་གྲོས་རྣམ་གཉིས་ཀྱི་དྲུང་ནས་སླར་ཡང་གཙང་མ་ཁྲིམས་ཀྱི་སྡོམ་པ་ཞུས་ཏེ་འདུལ་རྒྱུད་གྲྭ་སར་བཏུག་པར་མཛད་ཅིང་བཀའ་ལུང་ཡང་མང་པོ་གསན། ༢༠༠༥ལོར་༧གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་གངས་ལྗོངས་སུ་ཐེངས་གཉིས་པར་ཆིབས་ཞལ་བསྒྱུར་སྐབས་ཁོང་གི་སྐུ་མདུན་ནས་དབང་ལུང་མན་ངག་སོགས་ཀྱི་གདམས་པ་མང་དུ་ཞུས། ལོ་དེའི་སྟོན་ཁར་ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས་གནང་བ་དང་། ༢༠༠༧ལོར་རྫོང་ཆབ་སྲིད་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཐུགས་འགན་བཞེས་ནས་རྫོང་འདིའི་རིས་མེད་གྲུབ་མཐའ་ཁག་གི་དགོན་སྡེ་ལ་རིམ་པའི་རྒྱབ་སྐྱོར་མང་དུ་མཛད་ཅིང་། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཞོན་པ་བཅས་ཡིན། ༢༠༠༩ལོར་མདོ་སྨད་ཟིང་ཆུ་དགའ་མལ་དགོན་ཆེན་གྱི་༼གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་༽གི་འདུས་པ་རྒྱ་མཚོ་ལ་ལོ་གཅིག་གི་འགྲོ་གྲོན་ཡོངས་རྫོགས་གནང་བ་སྟེ། དམངས་སྒོར་ཁྲི་ཉི་ཤུ་ཡས་མར་ཙམ་བཏང་སྟེ་བསྟན་པའི་ཡོན་བདག་ཆེན་མོར་མཛད་པ་མ་ཟད་བཤད་སྒྲུབ་འདུས་སྡེ་འདིའི་དགེ་སློབ་ཀུན་ལ་གཞན་བྱ་བ་ཆེ་ཕྲ་གང་ཐད་ནས་ལྷག་བསམ་རྣམ་དག་གིས་མཐུན་སྦྱོར་མང་དུ་གནང་། མདོར་ན་དམ་པ་ཁོང་གི་རྣམ་རྒྱུན་རྨད་བྱུང་གི་ཐུགས་གཤིས་སྤྱིར་ནང་བ་སངས་རྒྱས་ཀྱི་བསྟན་པ་དང་སྒོས་འཛམ་གླིང་གི་ཁྱད་ནོར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་དར་སྤེལ་བཏང་དགོས་ན་ངེས་པར་བཤད་སྒྲུབ་ཀྱི་འདུས་ཁྱུད་ལ་རེག་ལས་པ་སོགས་དགོངས་བཞེད་ཐུགས་ལ་བཅིངས་ནས་དུས་དང་རྣམ་པ་ཀུན་ཏུ་རྣམ་དཀར་གྱི་བྱ་བ་རླབས་པོ་ཆེ་འདིའི་ཕྱོགས་ལ་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་པའི་གནས་ཚུལ་ངོ་སྤྲོད་ཙམ་མོ། །

ཟིང་ཆུ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི༼གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ༽འི་དྲུང་ལས་པས་ཟླ་ཚེས་ཉིན།