མཁན་ཆེན་རིན་པོ་ཆེ།

མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ༧དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་ངམ་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་རབས་གཉིས་པ་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེའི་མཛད་རྣམ་གནད་བསྡུས་བཞུགས།
77.png

དེ་ཡང་བྱང་བྱ་དུར་དགའ་མལ་དགོན་ཆེན་ནམ་དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་གི་༧མཁན་རབས་གཉིས་པ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་ལམ་བླ་མ་ཚེ་རིང་རིན་པོ་ཆེ་ནི་བོད་ལྕགས་ཕག་ལོའི་ཟླ་༧པའི་ཚེས་༡༥༼སྤྱི་ལོ་༡༩༧༡ལོའི་ཟླ་༩བའི་ཚེས་༥༽ཉིན་ལ་མདོ་སྨད་ཟིང་ཆུ་གནས་ཆེན་ཤར་དུང་རིའི་ཉེ་འདབས་གནས་བདག་རིན་སྤུངས་ཁྱུང་རྒོད་ཀྱི་མདུན་ཞོལ་རིན་སྤུངས་གྲོང་ཚོའི་དམུ་བ་ཚང་། ཡབ་རིགས་རུས་ཕུན་སུམ་ཚོགས་པའི་ཁོད་སྤུངས་མཁར་རྨེའུ་རིགས་ཟླ་བ་རྒྱལ། ཡུམ་འབྲུག་སྐྱིད་དགོན་ནང་ཚང་ལྡོང་རིགས་ཉི་མ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ༡༩༧༡ལོ་ནས་༡༩༧༨ལོའི་བར་དུ་བྱིས་པའི་རོལ་རྩེད་ཀྱི་འཚོ་བ་ལ་རོལ་ཞིང་བྱིས་པ་གཞན་མི་འདྲ་བའི་ཁྱད་ཆོས་ལྡན་པ་དེང་རྒན་པ་རྣམས་ཀྱིས་གསུངས། ༡༩༧༨ནས་༡༩༨༤བར་དུ་རིན་སྤུངས་གྲོང་ཚོ་དང་གཙོ་ཚང་དགོན་གྲོང་བརྡལ། ལྕང་ལམ་གྲོང་ཚོའི་སློབ་གྲྭ་ཆུང་འབྲིང་དུ་བཞུགས་ནས་རྒྱ་ཡིག་སོགས་ལ་སྦྱོང་བ་གནང་།
༡༩༨༥ལོའི་ཟླ་༣པའི་ཚེས་༦༼བོད་ཟླ་དང་བོའི་ཚེས་༡༥༽ཉིན་རང་དགོན་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་དུ་ཕེབས་ནས་རྟོགས་ལྡན་དམ་པ་རྒན་གཡུང་དྲུང་བློ་གྲོས་ཀློག་གི་སློབ་དཔོན་དུ་བསྟེན་ནས་ཀ་མད་ནས་དབུ་བཟུང་སྟེ་འདོན་ཀློག་འབྲི་གསུམ་སོགས་ལ་སྦྱོང་བ་མཐར་ཕྱིན་གནང་། ཞོར་དུ་ལྔ་རིག་སྨྲ་བའི་དབང་བོ་ཁྲོ་བོ་བཀྲ་ཤིས་མདུན་ནས་དག་ཡིག་ཤེས་བྱའི་སྒོ་འབྱེད་བརྡ་དག་གསལ་སྒྲོན་སོགས་ལ་སློབ་སྦྱོང་གནང་།
༡༩༨༦ལོའི་ཟླ་༤བའི་ཚེས་༢༣༼བོད་ཟླ་༣པའི་ཚེས་༡༥༽ཉིན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༧དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་ཚུལ་མཚན་དུ་ཚུལ་ཁྲིམས་འོད་ཟེར་དུ་གསོལ་ནས་བསྟན་པའི་སྒོར་བཞུགས་མཛད།
༡༩༨༦ལོའི་ཟླ་༥བའི་ཚེས་༩༼བོད་ཟླ༤བའི་ཚེས་༡༽ ཉིན་དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མདོ་སྔགས་བཤད་སྒྲུབ་སློབ་གླིང་དུ་བཞུགས་ནས་༧མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་དབུ་བཞུགས་ཐོག་དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་དགེ་རྒན་དུ་བསྟེན་ནས་སུམ་རྟགས་དག་གསུམ་དང་། སྙན་ངག་སོགས་ཐུན་མོང་རིག་གནས་སྐོར་དང་། སྡུད་གྲྭ་དང་བློ་རྟགས་ཚད་གསུམ་དང་། ཐེག་རིམ། ཕར་ཕྱིན། དབུ་མ་མཛོད་འདུལ་བ། རྫོགས་ཆེན་བཅས་ལ་སྦྱོང་བ་མཐར་ཕྱིན་པར་གནང་།
༡༩༨༩ལོའི་ཟླ་༦པའི་ཚེས་༡༨༼བོད་ཟླ་༥བའི་ཚེས་༡༥༽ཉིན་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས། དེའི་ལོར་བོན་གྱི་གདན་ས་ཆེན་མོ༧རབ་ལེགས་གཡུང་དྲུང་གླིང་གི་དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེའི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞུས།
༡༩༨༩ལོ་ནས་༡༩༩༠བར་གྱི་ཟླ་བ་འགའ་ཡི་རིང་ལ་རྒན་གཉའ་རུས་ནམ་ནམ་གྱི་མདུན་ནས་ནག་རྩིས་སྣང་སྲིད་མེ་ལོང་སྦྱང་། སྒྲ་ཏོག་དགེ་བཤེས་དཔལ་ཆེན་སྐྱབས་ཀྱི་མདུན་ནས་ས་དཔྱད་དང་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་སྐུ་མདུན་ནས་གསོ་རིག་འབུམ་བཞི་སོགས་ལ་སྦྱང་བ་མཛད།
༡༩༩༠ལོའི་ཟླ་༡ཚེས་༢༢༼བོད་ཟླ་༡༢པའི་ཚེས་༢༦༽ཉིན་ནས་༡༩༩༣ལོའི་ཟླ་༢པའི་ཚེས་༢༢༼བོད་ཟླ་༡ཚེས་༡༣༽ཉིན་བར་དུ་དགའ་མལ་དགོན་ཆེན་དུ་ཀུན་མཁྱེན་ཤར་རྫ་བའི་རིང་ལུགས་བཞིན་དུ་ལོ་ངོ་གསུམ་གྱི་རིང་ལ་སྒྲུབ་གྲྭའི་བཅད་རྒྱར་བཞུགས་ཏེ་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་བསྟེན་ནས་སྒྲུབ་པ་ཉམས་ལེན་གནང་བ་དང་། རྟོགས་ལྡན་དམ་པ་བསྟན་འཛིན་ཉི་མ་རིན་པོ་ཆེའི་མདུན་ནས་དངོས་གཞི་སེམས་ཁྲིད་ཀྱི་གདམས་པ་ཅི་རིགས་ཞུས། ཁྱད་པར་དུ་མཁས་པའི་དབང་པོ་སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་སྐུ་མདུན་ནས་སེམས་ཕྱོགས་ཀྱི་གདམས་པ་དང་ཁྱད་པར་དུ་རྫོགས་ཆེན་གྱི་དབང་ཆེན་སོགས་ཐོབ་པ་དང་། རིན་སྤུངས་སྒྲུབ་གྲྭའི་དཔོན་སློབ་ཤེས་རབ་དཔལ་འབྱོར་ཆེད་དུ་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭར་གདན་འདྲེན་ཞུས་ཏེ་བཀའ་ལུང་རྒྱ་མཚོ་སོགས་ཁྲིད་ཅི་རིགས་ཞུས།
དེའི་སྐབས་སུ་༧མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་གཙོས་པའི་རབ་ལེགས་གཡུང་དྲུང་གླིང་གི་དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེ་དང་། ཉག་རོང་ཡེ་ཤེས་དགོན་ཨ་གཡུང་བླ་མ་གཤེན་བསྟན་མཐའ་རྒྱས་མཆོག སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་བཅས་རྣམ་པ་ལྔའི་མདུན་ནས་དྲང་སྲོང་ཆིག་རྫོགས་ཀྱི་སྡོམ་པ་ཞུས་ཏེ་མཚན་ལ་ཤེས་རབ་གཡུང་དྲུང་དབང་རྒྱལ་དུ་གསོལ།
༡༩༩༤ལོ་ནས་༡༩༩༥ལོའི་བར་དུ་ལོ་ངོ་གཅིག་གི་རིང་ལ་མཛོད་དགེ་རྫོང་བོད་སྨན་ཁང་དུ་ཕེབས་ནས་སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་སྐུ་མདུན་ནས་དབྱངས་ཅན་སྒྲ་མདོ་དང་ལཉྫ་ཝརྟུ་སོགས་ཀྱི་བྲིས་རྒྱུན་དང་ན་ཐང་ལོ་ཙཱའི་སྔགས་ཀྱི་བཀླག་ཐབས་སོགས་ལ་སྦྱང་བ་མཛད། ལོ་དེའི་ལོ་མཇུག་ཏུ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེས་བཀའ་མངག་ལྟར་དུ་ཟིང་ཆུ་ལྕགས་མདུད་དགོན་གྱི་ཇུ་ཐིག་མཁས་ཆེན་པ་ཚེ་རིང་ཐར་གྱི་མདུན་ནས་བོན་གྱི་ཐུན་མོང་མ་ཡིན་པའི་མོ་ཇུ་ཐིག་སྦྱང་བར་མཛད། དེའི་ལོ་ལ་དགའ་མལ་དགོན་ཆེན་དུ་བོན་གྱི་གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་གི་དགེ་བཤེས་ཤེས་རབ་མཆོག་ལྡན་མཆོག་གདན་འདྲེན་པའི་སྐབས་དང་བསྟུན་ནས་དགེ་བཤེས་མཆོག་གི་མདུན་ནས་བོད་ཀྱི་ལྷ་བྲིས་རིག་གནས་དང་རྒྱུད་བཞི་དང་སྒྲོས་བཅད་རྩོད་འདེད་དང་གཙང་གཤེན་དགོངས་རྒྱན་སོགས་ལ་སླར་ཡང་སྦྱང་བར་མཛད།
༡༩༩༥ལོའི་ཟླ༥ཚེས་༡༢༼བོད་ཟླ༤བའི་ཚེས༢༢༽ཉིན་རིན་སྤུངས་དགོན་དུ་ཕེབས་ནས་ལྷ་རམས་པ་ཆེན་མོ་དགེ་བཤེས་གཡུང་དྲུང་རྣམ་རྒྱལ་ལམ་བརྩོན་འགྲུས་གོང་འཕེལ་མདུན་ནས་བན་གཞུང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ་གྲུབ་དོན་ས་གསུམ་དང་ཕར་ཕྱིན་སོགས་ལ་སྦྱོང་བ་མཛད།
༡༩༩༥ལོའི་ཟླ༦པའི་ཚེས༡༩༼བོད་ཟླ་༥བའི་ཚེས༢༢༽ཉིན་ནས་༢༠༠༠ལོའི་ཟླ༢ཚེས་༢༦༼བོད་ཟླ་༡་ཚེས་༢༢༽བར་གྱི་ལོ་ངོའི་ལྔའི་བར་དུ་དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་མཐར་ཕྱིན་དང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་རེ་ཞུས་ལྟར་དུ་དགོན་དེའི་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་གྱི་འགན་བཞེས་གནང་ནས་སློབ་གཉེར་བ་ལྔ་བཅུ་ལྷག་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས། གཞུང་སྡུད་གྲྭ་དང་བློ་རྟགས་ཐེག་རིམ། ཕར་ཕྱིན་སོགས་ཀྱི་སློབ་ཁྲིད་ཅི་རིགས་གནང་བ་དང་། དེ་དག་གི་བར་གསེས་སུ་༧མཁན་ཆེན་ཤེས་རབ་མཐར་ཕྱིན་གྱི་མདུན་ནས་སྐར་རྩིས་སོགས་སློབ་པ་མཛད།
༡༩༩༩ལོའི་ཟླ༦པའི་ཚེས༢༦༼བོད་ཟླ་༥བའི་ཚེས༽ཉིན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་ཕྱི་དགོན་ལག་བཅུ་གསུམ་དང་ནང་དགོན་ཁག་ལྔའི་དགེ་བཤེས་བཅུ་ཕྲག་གཅིག་གྲྭ་ས་ལྟར་དུ་དགོན་ཁག་སོ་སོའི་བླ་སྤྲུལ་སོགས་སྐུ་དངོས་ཕེབས་ནས་བོན་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་རྟགས་རིལ་སྒྲུབ་པས་རིན་པོ་ཆེ་ཁོང་ཉིད་རྟགས་རིལ་ཨང་དང་བོར་ཐོན་ནས་ཕྱི་དགོན་ལག་བཅུ་གསུམ་དང་ནང་དགོན་ཁག་ལྔའི་བླ་གྲྭ་ལྷན་འཛོམས་ཐོག་༧དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་ཆེན་གྱི་གསེར་ཁྲིར་མངའ་གསོལ་མཛད།
༢༠༠༤ལོའི་བོད་ཟླ་༡༠བའི་ཚེས༡༠ཉིན་བོན་གྱི་གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་གི་འཚོགས་ཁང་ཆེན་མོའི་མཛད་སྒོ་ལ་ཕེབས་པའི་སྐབས་དང་བསྟུན་ནས་གྲྭ་ས་དེར་བླ་གྲྭ་ཡོངས་ལ་ཕོགས་འགྱེད་དང་མང་ཇ་སོགས་གནང་ནས་དགོན་དེ་གའི་ཁྲི་བ་གནང་བ་དང་།
༢༠༠༨ལོ་ནས་ཁོང་ནས་གཙོ་འགན་བཞེས་ནས་མདོ་སྨད་ཟིང་ཆུ་ཁོག་དང་གཟི་རྩའི་སྡེ་དགུའི་ཁོག དེ་བཞིན་མཛོད་དགེའི་ཨ་སྐྱིད་ཁོག་དང་། ཀན་སུའུ་ཐེ་བོའི་ཁོག་བཅས་ཀྱི་གཡུང་དྲུང་བོན་གྱི་དགོན་སྡེ་རྣམས་མཉམ་འབྲེལ་གྱི༼གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས༽ཞེས་པའི་ཚོགས་པ་ཞིག་གསར་ཚུགས་གནང་ནས་ད་བར་དུ་ལོ་ངོ་དུ་མའི་རིང་ལ་རྫོང་ཁག་བཞིའི་དགོན་ཁག་རྣམས་དང་ལྷན་འཛོམས་ཀྱི་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བཞག་གནང་བཞིན་པ་དང་། ཁྱད་པར་དུ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་ངམ་ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་བསྐྱར་གསོ་སོགས་གནང་ནས་ད་ཆ་སློབ་གླིང་དུ་སློབ་གཉེར་བ་བརྒྱ་ཕྲག་ལྷག་ཡོད་པ་དང་། གཞན་ད་ལོ་སྟེ་༢༠༡༣ལོར་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་ཐེངས་གསུམ་པའི་༼རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་༽ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་དང་། ཐེངས་དང་བོའི་༼གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ༽། ཐེངས་དང་བོའི་༼བོན་དང་འབྲེལ་བའི་དཀའ་གནད་བགྲོ་གླེང་༽བཅས་ཀྱི་ཚོགས་འདུའི་བཀོད་སྒྲིག་དང་མཛུབ་སྟོན་སོགས་ཀྱི་འགན་གཅིག་ལྕོག་ཏུ་གནང་བ་དང་། ཁོང་ཉིད་ཀྱང་ཟིང་ཆུ་དགོན་ལག་བཅུ་གསུམ་གྱི་སྤྱིའི་མཁན་ཆེན་དང་དབུ་བླ། ༼གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་༽ཀྱི་ཚོགས་གཙོ་ཆེན་མོ་དང་། ༼རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་༽ཀྱི་ཚོགས་གཞོན། ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་སོགས་ཀྱི་འགན་བཞེས་བཞིན་པ་དང་། ད་ཆ་ཡང་སྤྱིར་བོད་མི་རིགས་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དང་། ཡང་ཁྱད་དུ་ཟིང་ཆུ་ཁོག་གམ་ཤར་ཁོག་གི་བསྟན་འགྲོའི་དོན་ཆེན་གྱི་མཛད་འཕྲིན་སྐྱོང་དང་སྐྱོང་བཞིན་པ་ལགས་སོ། །

ཞེས་༧ བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་རབས་གཉིས་པ་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་གི་མཛད་རྣམ་རྒྱ་མཚོ་ལས་མཛད་འཕྲིན་གནད་བསྡུས་ལོ་ཚིགས་ཙམ་ཞིག་བཀོད་པ་འདི་ཡང་༧མཁན་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ཕྱོགས་བརྒྱར་རྒྱས་པའི་སྐྱབས་ཞུ་དང་བཅས་དགའ་མལ་དགོན་ཆེན་གྱི་དྲུང་ཡིག་ཚན་ཁག་གིས་ཕུལ་བའོ། །